ཡིག་ནོར།
བོད་ཡིག བྲིས་ནོར་ཤོར་ཆོག་པའི་ཡིག་རིགས།
གླག་མིག (བྱ་གཞུང་དབྱངས་བྷ།)
1) བོད་མདོ་དབུས་ཁམས་གསུམ་ཐུན་མོང་ནས་བེད་སྤྱོད་པའི་དབྱངས་གསལ་སོ་བཞིའི་བདག་ཉིད་ཅན་གྱི་ཡིག་རིགས་རང་ཆོས་ལྡན་པ་འདི་ལ་བོད་ཀྱི་ཡི་གེ་ཞེས་འབོད། ལོ་ངོ་སྟོང་ཕྲག་གཅིག་དང་བཞི་བརྒྱར་ཉེ་བའི་ཡར་སྔོན་དུ་ཐོན་མི་རུ་འབོད་པའི་བོད་ཕྲུག་སྐད་བརྡ་་་་་རིག་པར་བྱང་པ་ཞིག་གིས་གསར་གཏོད་དམ་ལེགས་བཅོས་མཛད་སྐད་དུ་གྲགས། ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་རིང་མོའི་ཁྲོད་དུ། ཁ་བ་རི་བའི་ལུང་པར་གཞིས་ཆགས་པའི་སྒང་བ་བོད་པ་མཆིས་སོ་ཅོག་གིས་ཡིག་རིགས་འདི་ལ་བརྟེན་ནས། བསམ་གཞིག་བྱེད་པ་དང་། གོ་བརྡ་སྤྲོད་པ། ཆབ་སྲིད་སྐྱོང་པ། ཤེས་རིག་གསར་སྐྲུན་བྱེད་པ། རིག་གནས་བརྒྱུད་སྤྲོད་བྱེད་པ། མི་དང་འཇིག་རྟེན་གྱི་མཐར་ཐུག་ལ་དཔྱོད་པ་སོགས་བྱེད་ཀྱིན་འོངས། ཡིག་རིགས་འདི་ནི་ཁ་བ་ཅན་ཞེས་པའི་མི་རིགས་འདིའི་སྲོག་ཤིང་ཉག་གཅིག་པུ་སྟེ། གང་དེ་འཇིག་རྟེན་ནས་ཤུལ་མེད་དུ་མ་གྱུར་བའི་སྲོག་གི་གཟུང་ཐག་དེའོ།། དེ་ཡང་ཕྱི་རང་བྱུང་དང་ནང་སེམས་པའི་བར་དང་། ཆེ་བ་མི་རིགས་ཀྱི་རིག་གནས་ནས་ཆུང་བ་མི་སྒེར་གྱི་འཚོ་སྡོད་བར། དམ་པ་ལྷ་ཆོས་ནས་འཇིག་རྟེན་མི་ཆོས་བར་སོགས་བསིལ་ལྡན་ལྗོངས་ཀྱི་སྣོད་བཅུད་དང་འབྲེལ་བའི་་དོན་བྱ་ཆེ་འབྲིང་ཆུང་གསུམ་ཇི་སྙེད་པ་དག་ཡིག་རིགས་འདི་ལས་མ་བྱུང་བ་མེད། དཔེར་ན། ས་བཅུད་ཀྱིས་ལོ་ཏོག་བསྐྱེད་པ་ཇི་བཞིན། མེ་མདག་གིས་མེ་ལྕེ་བསྐྱེད་པ་ནང་བཞིན། ཡིག་རིགས་འདི་ཡོད་པས། སྒང་བ་བོད་པ་ཞེས་པའི་མི་རིགས་འདི་འཇིག་རྟེན་དུ་གནས་ཐུབ་པ་བྱུང་ཞིང་། ཡིག་རིགས་འདི་ཡོད་པས། འཛམ་གླིང་ཤེས་རིག་གི་བང་མཛོད་དུ་ཕན་བདེའི་འཚོ་བཅུད་ཐུན་མོང་མ་ཡིན་པ་དག་བསྣན་དང་སྣོན་གྱིན་པའི་སྒང་བ་བོད་པའི་རིག་གནས་ཞེས་པ་འདི་ཆགས་ཐུབ་པ་བྱུང་བ་རེད།དེང་དུས་འཛམ་བུ་གླིང་ན་ཡིག་རིགས་ག་ཚོད་ཡོད་པའི་ཐད་ལ་བཤད་ཚུལ་མི་འདྲ་བ་མང་པོ་ཡོད་ཀྱང་། ༡༩༩༧ལོའི་ཚུན་ལ་ཡེ་ཤུའི«གསུང་རབ»ཡིག་རིགས༢༡༩༧ཙམ་ལ་སྒྱུར་ཕབ་བྱས་ཟིན་པར་བཤད་པ་ལྟར་ན། འཇིག་རྟེན་ན་ཉུང་མཐའ་ཡང་དོན་སྟོན་པའི་ཡིག་རིགས༢༠༠༠ལྷག་ཙམ་ཡོད་ཚོད་རེད། བོད་ཡིག་ཅེས་པའི་ཡིག་རིགས་འདི་ཡང་དེའི་གྲས་ཀྱི་གཅིག་རེད། མ་ཟད། སྒྲ་སྦྱོར་ཡི་གེ་ཡིན་པའི་བོད་ཡིག་ནི་ཅུང་སྔོན་ཐོན་གྱི་ཡིག་རིགས་གྲས་སུ་ཚུད་ཡོད་ཚུལ་འབྲེལ་ཡོད་མཁས་པས་སྨྲ། དོན་མཚོན་པ་ནི་ཡིག་རིགས་ཡོད་དོ་ཅོག་གི་ཐུན་མོང་གི་ཁྱད་ནུས་ཡིན་པ་བཞིན། ཡིག་རིགས་འདིས་ཀྱང་འཇིག་རྟེན་གྱི་དོན་མ་ལུས་མཚོན་པར་ནུས། ཡི་གེ་ནི་དོན་སྟོན་པ་ཁོ་ནས་ཕྱིར་དུ་གསར་གཏོད་བྱས་པ་རེད། དོན་སྟོན་པའི་བྱེད་ནུས་ཀྱི་དབང་གིས། མི་རིགས་ཁག་གིས་སོ་སོའི་ཡི་གེ་ལ་བརྟེན་ནས་ཕན་ཚུན་གོ་བརྡ་སྤྲོད་པ་དང་རིག་གནས་རྒྱུན་མཐུད་བྱེད་ཐུབ་པ་བྱུང་ཞིང་། མི་དང་འཇིག་རྟེན་གྱི་གནས་ལུགས་ལ་ཤེས་རྟོགས་དང་འཚོལ་ཞིབ་བྱེད་ཐུབ་པ་བྱུང་བ་རེད། བོད་པའང་དེ་བཞིན་ནོ།། ཡི་གེ་ཡོད་པའི་མི་རིགས་གང་དང་གང་ཞིག་ཡིན་ཡང་། ཡི་གེས་མ་ནོར་མ་འཁྲུལ་བའི་སྒོ་ནས་དོན་སྟོན་པའི་ཆེད་དུ་གང་དེའི་སྐད་ཆའི་ཆོས་ཉིད་དང་མཐུན་པའི་བརྡ་སྤྲོད་རིག་་་་་པའི་མ་ལག་རང་སྐྱ་འཕེར་བ་ཞིག་གསར་གཏོད་བྱས་ཡོད་པ་རེད། བོད་པའང་དེ་བཞིན་ནོ།། བརྡ་སྤྲོད་རིག་པས་ཆེས་མ་མཐའི་ཁྱད་ནུས་ཤིག་ནི་ཡིག་སྐྱོན་འགོག་པ་དེ་རེད། བརྗོད་པ་མཐའ་དག་གི་རྩ་བའི་གྲུབ་ཆ་ཡིན་པའི་མིང་བརྡ་ལ་ནོར་སྐྱོན་ཐེབས་ཤིང་ནོར་བ་རྒྱུན་འབྱམས་སུ་གྱུར་ཚེ། ཡི་གེའི་དོན་སྟོན་པའི་ཁྱད་ནུས་ཤོར་བར་འགྱུར་ཞིང་བརྡ་སྤྲོད་རིག་པའི་སྒྲིག་སྲོལ་མ་ལག་ཀྱང་རྨང་ནས་འཆོལ་བར་འགྱུར། དེ་བཞིན་དོན་མི་སྟོན་པའི་ཡིག་རིགས་གང་དེའང་གཞི་ནས་ཡི་གེ་མིན་པར་འགྱུར། འཇིག་རྟེན་ནས་སྡོད་པའི་དགོས་པ་མེད་པར་འགྱུར། རིང་མིན་གར་སོང་རྗེས་མེད་དུ་འགྱུར། ཡི་གེ་གང་དེ་སྲོག་ཤིང་བྱས་པའི་མི་རིགས་གང་དེའང་གར་སོང་རྗེས་མེད་དུ་མ་གྱུར་རང་གྱུར་དུ་འགྱུར། ཧོལ་གྱིས་བལྟས་ན་དོན་ཆུང་ཡིན་ཡིན་འདྲ་བའི་ཡིག་སྐྱོན་ནི། ཡིག་རིགས་ཤིག་གམ་མི་རིགས་ཤིག་གི་ངོས་ནས་བཤད་ན་དེའི་ཤི་གསོན་དར་རྒུད་ལ་ཐུག་ཡོད་པའི་དོན་ཆེན་ཞིག་རེད། དེ་བས། འཛམ་བུ་གླིང་གི་ཡིག་རིགས༢༠༠༠ལྷག་ཡོད་པ་གང་ཡིན་ཡང་ཡི་གེའི་དག་ཆར་གཙིགས་ཆེན་པོ་བྱེད། ཡིག་སྐྱོན་ནི་ཉེན་ཚབས་ཆེ་ཤོས་སུ་བལྟ། བྱིས་པ་དག་སློབ་གྲྭར་འགྲིམས་པའི་ཉིན་དང་པོ་ནས་དག་ཆཱ་དག་ཆཱ་ཞེས་རྣ་ལ་ཁ་གཏད་ནས་མ་ཎི་ཟློ་ཟློ་བྱེད། བོད་ཡིག་ཀྱང་དེ་བཞིན་ནོ།།
2) དེ་ལྟ་དེ་ལྟའི་རྒྱུ་མཚན་གྱི་དབང་གིས། འཛམ་བུ་གླིང་གི་ཡིག་རིགས༢༠༠༠ལྷག་ཡོད་པ་ལས་ཡིག་རིགས་ག་གེ་མོར་བྲིས་ནོར་ཤོར་ཆོག་གི་རེད་ཟེར་ན་ཁྱེད་རང་ཡིད་མི་ཆེས་ཀྱང་སྲིད། ཡིན་ནའང་། དེ་ནི་ཁྱེད་རང་ལྟ་རྒྱ་ཐོས་རྒྱ་མེད་པའི་རང་མཚང་ཕྱིར་བསྟན་པ་ཙམ་མོ།། རྒྱུ་མཚན་ནི་ཡོད་དེ། བོད་ཡིག་གོ། སྒྲུབ་བྱེད་ག་རེ་ཟེར་ན། མདོ་དབུས་ཁམས་གསུམ་གྱི་གྲོང་དང་གྲོང་ཁྱེར་དག་གི་སྒོ་བྱང་བཀླགས་མི་འགྲོ་བ་དག་གོ། དེས་ཀྱང་མི་ཆོག་ན། བོད་ཡིག་གི་ཚགས་པར་དང་བསྒྲགས་ཡིག་སྣ་ཚོགས་ཏེ། དཔེར་ན། “བདེ་འཇགས་རྐང་ཚ”ལྟ་བུ་དང་། ཐ་ན་ཐོབ་ཐང་ལག་འཁྱེར་སྟེང་གི་རུས་མིང་དང་སློབ་དེབ་དག་ཀྱང་ངོ་།། དེ་དག་དངོས་སུ་མ་མཐོང་ཟེར་ན། ཁོ་བོའི་ཉེ་འཁོར་ན་ཁྲ་ལམ་ལམ་ནག་སོག་སོག་བྱེད་པའི་ཡིག་ནོར་གྱི་རྒྱ་མཚོ་ཆེན་པོ་ལས་ཆུ་ཐིགས་ཙམ་ལག་པས་གང་ཟིན་གྱིས་དཔེར་འགོད་དེ། ༡ དགའསྐྱིདཞོསྟོནལསྤྲོསེམསསྤེལབ། བོད་ཡིག་གི་དབྱངས་གསལ་ཡིན་ཀྱང་སྲིད་པའི་དོན་ཁྱོན་ནས་མི་སྟོན་པའི་རི་མོ་འདི་དག་མཁས་པའི་དབང་པོ་སུ་ཡིས་བཀླགས་ནུས་སམ། ཐོན་མི་འདས་ལོག་བརྒྱབ་ཀྱང་རྨོངས་ཤིང་འཐོམ་ངེས་པའི“ཡི་གེ”འདི་དག་ནི་རྒྱ་ཡིག་གི་ལྷ་སའི་དགོང་དྲོའི་ཚགས་པར﹙༢༠༠༩ལོའི་ཟླ༨པའི་ཚེས༨དང་༩ཉིན﹚གྱི་པར་ངོས་ཧྲིལ་པོ་གཅིག་བཟུང་ཡོད་པའི་ཁྱབ་བརྡ་ཞིག་གི་ཁ་བྱང་རེད། ཁོ་ཚོས་བོད་ཡིག་ཡིན་ཟེར་གྱི་འདུག ཁྱེད་ཀྱིས་ཀློག་ཤེས་ཀྱི་འདུག་གམ། དོན་གོ་ཡི་འདུག་གམ། གསུངས་དང་། གསུངས་དང་།༢ ག་ལྡས་ག་ལག་དགལ་ལག་གལ་སྲིད།ཧོལ་གྱིས་བལྟས་ན། སྙན་གཞུང«མེ་ལོང་མའི»ནང་གི་དབྱངས་གཅིག་ཏུ་ངེས་པའི་བྱ་དཀའ་བའི་དཔེ་བརྗོད་ཅིག་དང་འདྲ་བའི་རི་མོ་འདི་དག་ནི། ལྷ་ས་གྲོང་ཁྱེར་དུ་ཡོད་པའི་སློབ་གྲྭ་ཆེ་གྲས་ཤིག་གི་སྒོ་འགྲམ་དུ་ཡོད་པའི་ཅ་ལག་ཙག་ཙིག་བཤམས་པའི་ཚོང་ཁང་ཞིག་གི་སྒོ་བྱང་རེད། ཁོ་ཚོས་འདི་ཡང་བོད་ཡིག་ཡིན་ཟེར་གྱི་འདུག ཐོན་མི་གསར་པ་དག་འཁྲུངས་ཡོད་ཚོད་འདུག ལོ་གཉིས་མ་ཟིན་ཙམ་གྱི་ཡར་སྔོན་ལ། ཁོ་བོས་སྦྱིན་བདག་མར། ང་ནི་བོད་ཡིག་གི་ཞིབ་འཇུག་སློབ་མ་སློབ་མཐར་ཕྱིན་པ་ཞིག་ཡིན་ཡང་ཁྱོད་ཀྱི་སྒོ་བྱང་་་་་་་་་འདིའི་ཧ་གོ་ཐབས་མི་འདུག་ཅེས་བཤད་པར། ཁོ་མོས་ལན་དུ། “སྒོ་བྱང་ཚང་མ་འདི་འདྲ་རེད”ཟེར། དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ།། ཚིག་བབ་ལ་ཉན་ན། ནོར་ཡང་དག་ནི་ངས“སྐལ་མེད་སར་སྐེ་བསྲིངས”ཏེ་སྐད་ཆ་བཤད་པ་དེ་ནོར་ཡོད་ཚོད་རེད་འདུག་ཅིང་། འཁྲུལ་ཡང་དག་ནི་བོད་ཡིག་ཅེས་པའི་ཡིག་རིགས་འདི་འཁྲུལ་ཡོད་བཟོ་འདུག ཡིན་ནའང་། ཁྱེད་ཀྱིས་ཀློག་ཤེས་ཀྱི་འདུག་གམ། དོན་གོ་ཡི་འདུག་གམ། གསུངས་དང་། གསུངས་དང་།༣ སྤྱི་པའི་གསང་གཅོད།སྤྱི་པ་ནི་ཐུན་མོང་ལ་བྱ་སྟེ། སྤྱི་པ་མ་ཡིན་པའི་མི་དམངས་དང་སྤྱི་འབངས་ཞིག་ཡོད་མི་སྲིད། ཡང་ན། འཛམ་བུ་གླིང་གི་མི་ཡོད་དོ་ཅོག་ཐམས་ཅད་སྤྱི་པ་རེད། གསང་གཅོད་ཅེས་པའི་གསང་ནི་གསང་གནས་སམ་ཕོ་མཚན་མོ་མཚན་ལ་བྱ་ཞིང་། གཅོད་ནི་དུམ་བུར་གཏུབ་པའམ་འབྲེག་པའི་ལས་ལའོ།། གོང་བསྒྲིགས་ནས་བཀླགས་ན། མི་རྣམས་ཀྱི་གསང་གནས་གཏུབ་འབྲེག་བྱེད་པ་ཞེས་པའམ། མི་རྣམས་ཀྱི་གསང་གནས་གཏུབ་འབྲེག་བྱེད་ས་ཞེས་པའི་དོན་མ་རེད་དམ། ཁང་མིག་ཅིག་གི་སྒོ་བྱང་ཡིན་ཚོད་ལ་གཞིགས་ན། དོན་ཕྱི་མ་སྟེ་གསང་གནས་དག་དུམ་བུ་དུམ་བུར་གཏུབ་འབྲེག་བྱེད་སའི་གནས་ལ་གོ་དགོས་ཚོད་འདུག ཇི་་་་་འདྲའི་ཞེད་སྣང་ཚ་བ་ལ་ཨང་། བུ་མོའི་གསང་གནས་གཅོད་དུ་མེད་ན་སྒོ་བྱང་དེ་དག་གི་མདུང་རྩེ་ནི་ཕོ་ཁྱོ་གར་གཟས་ཤིང་དམིགས་པ་ཡིན་ཤས་ཆེ། གསང་གནས་བཅད་ཚེ། ཉུག་རུམ་པར་གྱུར་བ་མ་རེད་གྲང་། མི་ཕོ་ཡོད་ཚད་ཉུག་རུམ་པར་གྱུར་ཚེ། བུད་མེད་དག་གིས་ཇི་ལྟར་བྱ། མིའི་རིགས་རྒྱུད་འཕེལ་ཇི་ལྟར་བྱ། མིའི་རིགས་མི་རིང་བར་འཇིག་རྟེན་ནས་སྟོངས་པར་འགྱུར་ངེས་པ་མ་རེད་གྲང་། “སྤྱི་པའི་གསང་གཅོད”ཅེས་པ་དེ་ལྷ་སའི་སྲང་ལམ་ཆེ་ཆུང་གི་ཕྱི་ས་འདོར་སའི་གསང་སྤྱོད་ཀྱི་སྒོ་ཁར་སྦྱར་འདུག་པར་བརྟགས་ན། ཉེན་ཁ་ཆེན་པོ་དེ་འདྲ་རང་མེད་ཚོད་དུ་འདུག ཡིན་ནའང་། ཁྱེད་རང་གསང་གནས་གཅོད་གཏུབ་བྱེད་པའི་ཉེན་ཁ་རྒྱབ་ཏུ་བསྐྱུར་ཏེ་ཕྱི་ས་འདོར་བར་འགྲོ་ཕོད་དམ་ཅི།༤ བོད་ལྗོངས་སྐར་ཟླ་མི་གསོད་ཀུང་སི།མི་གསོད་ཀུང་སི? འདི་ནི་ལྷ་སའི་ལྷོ་མཐའི་སྣེའུ་ཟམ་ཆེན་འགྲམ་གྱི་ལས་ཁུངས་ཤིག་གི་སྒོ་བྱང་རེད། ང་རང་སྒོ་བྱང་ཆེན་པོ་དེའི་མདུན་དུ་ཧ་ལས་ཤིང་ཧོང་ཐོར་ཏེ་ཡུན་རིང་ལུས། ལུས་སེམས་ཞེད་སྣང་གིས་བསྡམས་ཤིང་བླ་འཁྱམས་ཏེ་ཡུན་རིང་ལུས། མིག་ལམ་དུ། ཕ་ཡུལ་ནས་མཐོང་མྱོང་པའི་ཕྱུགས་ཟོག་གི་བཤས་ར་དག་ཀློག་བརྙན་བཞིན་ཤར་ཡོང་། ཤ་ལྤགས་ཕྲལ་བའི་མགོ་མེད་ལུས་པོ་དག་དང་། མིག་འབྲས་ཅེར་ཅེར་གྱི་ལུས་མེད་མགོ་བོ་དག ཚ་རླངས་འཕྱུར་འཕྱུར་གྱི་ཁྲག་དྲོན་གྱི་ལྟེང་ཀ ཚིལ་དཀར་ལྷུག་ལྷུག་གི་ནང་ཁྲོལ་གྱི་རི་རབ་དག་དྲན་ཡོང་། མིའི་རིགས་ལོ་རྒྱུས་སྟེང་དུ། འཇར་མན་ན་ཙི་ཏང་ལྟ་བུའི་མི་བུ་ཁྲི་མ་འབུམ་སྐམ་ལུག་ཕག་པ་ལྟར་གསོད་པའི་ཚོགས་པ་མང་དུ་བྱུང་མྱོང་ཡོད་ནའང་། དེ་དག་གིས་་་་་་་གནས་ལུགས་ཡོད་མདོག་མདོག་གི་ཁ་་གཡོར་ས་ཞིག་དང་གཞན་མགོ་རྨོངས་པར་བྱེད་པའི་སྒྲིབ་གཡོགས་ཚོན་མདངས་ཅན་ཞིག་གི་འོག་ནས་མི་གསོད་པའི་ལས་ཀ་གྲུབ་པར་བྱས་པ་་་་་མ་གཏོགས། འདི་ལྟ་བུའི་སྒོ་བྱང་དང་མིང་བྱང་རང་ལ་སྦྱར་མྱོང་མེད་ཚོད་ཡིན། “ཀུང་སི”འདི་གའི་ལས་བྱ་སྒོ་བྱང་གི་བསྟན་དོན་ལྟར་ཡིན་ཚེ། བོད་ལྗོངས་སྐར་ཟླ་མི་གསོད་ཀུང་སི་ནི་མིའི་རིགས་ལོ་རྒྱུས་སྟེང་གི་སྒྲིབ་གཡོགས་དང་ཁ་གཡོར་ས་ཅི་ཡང་བཙལ་མེད་པའི་་་་་གཅེར་རྗེན་རྗེན་གྱི“མི་གསོད་ཀུང་སི”ཐོག་མ་དེ་ཡིན་འདུག ཁོ་བོས་རྒྱ་ཡིག་ཕྲན་ཙམ་ཤེས་པ་ཡག་བྱུང་། འོག་གི་རྒྱ་ཡིག་ལ་བལྟས་པས་ད་གཟོད་ལས་ཁུངས་དེ་ནི་མེ་སྐྱོན་ཉེན་འགོག་གམ་མེ་སྐྱོན་ཞི་བར་བྱེད་པའི་ལས་ཚན་ཞིག་ཡིན་པ་རྟོགས། གཞི་ནས་ལུས་སེམས་བདེ་ལ་འབབ་ཐུབ་པ་བྱུང་། ཡིན་ནའང་། བོད་ཡིག་ཙམ་ཤེས་མཁན་དག་ད་དུང་ཡང་སྒོ་བྱང་ཆེན་པོ་དེའི་མདུན་དུ་ཞེད་ཅིང་འདར་གྱིན་མེད་དམ།༥ ཁྱིའུ་བཙའ་ཁང་།
ཁྱིའུ་ནི། བོད་རྒྱ་ཚིག་མཛོད་ཆེན་མོར་བཀོད་པའི“ཤིང་གཤགས་པ་དང་། ཡོ་བྱད་དམ་པོར་བྱེད་སྤྱད་ཀྱི་ཤིང་བུ”འམ། དག་ཡིག་གསར་བསྒྲིགས་སུ་བཀོད་པའི“གས་སྲུབས་ཇེ་ཆེར་གཏོང་བའམ་ཇེ་དམ་དུ་གཏོང་ཆེད་དུ་གདབ་པའི་ཤིང་ཕུར”གྱི་དོན་རེད། བཙའ་ནི། ཕྲུ་གུ་མའི་མངལ་ནས་ཕྱིར་ཐོན་པའི་དོན་དང་། ཁང་ནི། ཁང་པའོ།། གོང་བསྒྲིགས་ན། ཤིང་བུའམ་ཤིང་ཕུར་བཙའ་སའི་ཁང་པ་ཞེས་པའོ།། ཁྱད་མཚར་ལ་ཨང་། སྲོག་ཆགས་ཀྱིས་སྲོག་ཆགས་བཙའ་བ་མངོན་སུམ་མིག་གིས་མཐོང་མྱོང་ཡོད་ཀྱང་། སུ་ཞིག་གིས་ཤིང་དུམ་བཙའ་བ་ཐག་རིང་རྣ་བས་ཀྱང་ཐོས་མྱོང་མེད། འདི་ནི་ལྷ་སའི་སྨན་རྩིས་ཁང་དུ་ཡོད་པའི་ཁང་ཤར་ཞིག་གི་སྒོ་བྱང་རེད། ལོ་ངོ་བརྒྱར་ཉེ་བའི་ལོ་རྒྱུས་དང་ལྡན་ཞིང་བོད་པའི་སྨན་དང་རྩིས་ཀྱི་མགོ་ཁུངས་ཡིན་པའི་ལས་ཁུངས་འདི་རུ་ཤིང་་་བུའམ་ཤིང་ཕུར་བཙའ་སའི་ཚན་པ་ཞིག་ག་དུས་བཙུགས་པ་ཡིན་ནམ། ས་བོན་འཇོག་མཁན་ཕ་སུ་ཡིན་ནམ། མངལ་དུ་སྦྲུམ་མཁན་མ་སུ་ཡིན་ནམ། ནང་དུ་ཕྱིན་པས་ད་གཟོད་དེ་རུ་གསར་ཏུ་བཙས་འདུག་པ་ཤིང་བུའམ་ཤིང་ཕུར་མ་ཡིན་པར་སྙིང་རྗེ་བའི་ཁྱེའུ་དག་ཡིན་པ་མཐོང་། ནམ་ཞིག། ཁྱེའུ་དེ་དག་ནར་སོན་རྗེས། རང་ཉིད་ནི“ཤིང་བུའམ་ཤིང་ཕུར་བཙའ་སའི་ཁང་པ”ཞེས་པའི་སྒོ་བྱང་འོག་ནས་འཇིག་རྟེན་དུ་འོངས་པ་རྟོགས་ཚེ་ཚོར་སྣང་ཅི་འདྲ་ཡིན་ནམ།ཝེ། ད་དུང་སྒྲུབ་བྱེད་དགོས་སམ། ག་ཙམ་དགོས་ན་དེ་ཙམ་ཡོད་ཀྱང་། བཤད་ན་དུས་ཚོད་བརླག་བྱེད་རེད། བྲིས་ན་སྣག་ཤོག་གྲོན་བྱེད་རེད། གོང་གསལ་འདི་དག་ནི་ཆོལ་གསུམ་བོད་ཀྱི་རི་ཐང་གྲོང་གསུམ་དུ་ཁྲ་ལམ་ལམ་ནག་སོག་སོག་བྱེད་པའི་ཡིག་ནོར་གྱི་རྒྱ་མཚོ་ཆེན་པོ་ལས་ཆུ་ཐིགས་ཕྲ་མོ་ཙམ་ཀུ་ཤའི་རྩེ་མོས་བླངས་པ་ཡིན་ཏེ། “འོད་སྟོང་འབར་བའི་བོད་ཀྱི་རིག་གནས”དང“ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་ནང་གི་རིན་པོ་ཆེ”ཟེར་མཁན་དག་དང་། མི་རིགས་སྐད་ཡིག་གི་གཞུང་ལས་ཞེས་པའི་རྐུབ་སྟེགས་མཐོན་པོར་སྡོད་མཁན་དག་ལ་ཁ་ལྕེ་སྦོང་བྱེད་ཙམ་དུ་བཏེགས་པ་ལགས་ན། གཙང་བཞེས་གནངས་རོགས།
3) གལ་ཏེ། དབྱིན་ཡིག་ཡིག་ནོར་གྱི་རྒྱ་མཚོ་འདི་ལྟ་བུར་གྱུར་བའི་དབང་དུ་བཏང་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་ཚན་དང་ཨ་རིའི་གྲོས་ཚོགས་གོང་འོག་སོགས་སྣང་ལ་མ་ངེས་པར་སྡོད་སྲིད་དམ། ཁྱེད་ཀྱིས་དཔེ་མི་སྲིད་ཟེར་ངེས། གལ་ཏེ། རྒྱ་ཡིག་ཡིག་ནོར་གྱི་རྒྱ་མཚོ་འདི་ལྟ་བུར་གྱུར་བའི་དབང་དུ་བཏང་ན། རིམ་པ་སོ་སོའི་སྲིད་གཞུང་དང་སྐད་ཡིག་གཞུང་སྒྲུབ་ཀྱི་འབྲེལ་ཡོད་ཚན་པ་དག་སྣང་ལ་མ་ངེས་པར་སྡོད་སྲིད་དམ། ཁྱེད་ཀྱིས་དཔེ་མི་སྲིད་ཟེར་ངེས། གལ་ཏེ། རྒྱལ་ཁབ་གང་རུང་དང་མི་རིགས་གང་རུང་གི་ཡི་གེ་ཡིག་ནོར་གྱི་རྒྱ་མཚོ་འདི་ལྟ་བུར་གྱུར་བའི་དབང་དུ་བཏང་ན། ཡི་གེ་དེ་བདག་མེད་མགོན་མེད་དུ་བསྐྱུར་སྲིད་དམ། ཁྱེད་ཀྱིས་སྔར་བཞིན་དཔེ་མི་སྲིད་ཟེར་ངེས་རེད།དེས་ན། བོད་ཡིག་གཅིག་པུ་ཡིག་ནོར་གྱི་རྒྱ་མཚོར་འགྱུར་དོན་ཅི་ཡིན་ནམ། གྱུར་ནས་ཀྱང“སྒོ་བྱང་ཚང་མ་འདི་འདྲ་རེད”ཅེས་གཞུང་སྒེར་ཀུན་གྱིས་སྣང་ལ་མ་ངེས་པར་བསྐྱུར་་་་་དོན་ཅི་ཡིན་ནམ། ཡང་སྙིང་ཅིས་ཉེས་སམ། དབྱིན་ཡིག་རྒྱ་ཡིག་སོགས་འཛམ་གླིང་སྒང་གི་ཡིག་རིགས༢༠༠༠ལྷག་ཡོད་པ་དག་ལ་གང་འཛོམས་པ་བོད་ཡིག་ལའང་འཛོམས། དེ་དག་གིས་དོན་གང་སྟོན་ནུས་པ་བོད་ཡིག་གིས་ཀྱང་སྟོན་ནུས། དེ་དག་ལ་དེ་ཉིད་བླ་སྲོག་ཏུ་བརྩི་ཞིང་རྒྱུན་འཛིན་བྱེད་པའི་བདག་པོ་མི་རིགས་གང་རུང་ཞིག་ཡོད་པ་དེ་བོད་ཡིག་ལའང་ཡོད། དེ་དག་ལ་ཤེས་རིག་གསར་སྐྲུན་དང་འཚོལ་ཞིབ་བྱེད་པའི་བྱེད་ནུས་ཡོད་པ་བོད་ཡིག་ལའང་ཡོད། དེ་དག་ལ་སྲུང་སྐྱོབ་བྱེད་པའི་འབྲེལ་ཡོད་བཅའ་ཁྲིམས་ཡོད་པ་བོད་ཡིག་ལའང་ཡོད། དེ་དག་ལ་ཞིབ་འཇུག་དར་སྤེལ་གཏོང་བའི་སློབ་གྲྭ་དང་སྐད་ཡིག་གཞུང་སྒྲུབ་ཚན་པ་ཡོད་པ་བོད་ཡིག་ལའང་ཡོད། དེ་དག་ལ་འཐུས་སྒོ་ཇེ་ཚང་དང་ཚད་ལྡན་ཡོང་ཕྱིར་སྒྱུར་བཅོས་དང་འཕེལ་རྒྱས་ཕྱིན་པའི་ཡུན་རིང་གི་ལོ་རྒྱུས་ཡོད་པ་བོད་ཡིག་ལའང་ཡོད་དེ། བོད་བཙན་པོའི་དུས་ནས་བཟུང་། ཡིག་རིགས་འདི་སྔར་བས་གཅིག་གྱུར་དང་ཚད་ལྡན་ཡོང་ཕྱིར་སྔ་ཕྱི་་་་་་་་ཐེངས་གསུམ་ལ་བཀས་གསར་བཅད་ཀྱིས་གཏན་འབེབས་བྱས་མྱོང་ཡོད་ཅིང་། ཡིག་སྐྱོན་དོན་སྐྱོན་གྱིས་མ་སྦགས་པར་ལོ་ངོ་སྟོང་དང་ཕྱེད་ཉེ་བར་འཕེལ་རྒྱས་བྱས་མྱོང་ཡོད་པ་མ་་་་་་་་ཡིན་ནམ། འཛོམས་པ་ཐམས་ཅད་འདྲ་ནའང་། ཡོད་པ་ཐམས་ཅད་འདྲ་ནའང་། ཡང་ན། ཡོད་འོས་པ་ཐམས་ཅད་འདྲ་ནའང་། མེད་འོས་པ་ཐམས་ཅད་འདྲ་ནའང་། འཛམ་གླིང་སྒང་གི་ཡིག་རིགས༢༠༠༠ལྷག་ལས་བོད་ཡིག་གཅིག་པུར་བྲིས་ནོར་ཤོར་ཆོག་དོན་གང་ཡིན་ནམ། ཆེ་བ་གཞུང་ཡིག་ཚགས་པར་ནས་ཆུང་བ་སྒོ་བྱང་རུས་མིང་བར་གྱི་བོད་ཡིག་དག་བཀླགས་མེད་གོ་མེད་དུ་བྲིས་ཆོག་པ་ཅི་ཡིན་ནམ། མཐོ་བ་སྲིད་འཛིན་ལས་བྱེད་ནས་དམའ་བ་སྲང་གི་ཁེ་པའི་བར་གྱི་སྐྱེ་བོ་དག་གིས་བོད་ཡིག་བཀླགས་མེད་གོ་མེད་དག་ཅི་འདོད་བྲིས་ཤིང་བཤམས་ནའང་། ཤོག་བུ་དཀར་པོའི་སྟེང་ལ་ཡི་གེ་ནག་པོས་བྲིས་ཡོད་པའི་ཁྲིམས་སྲོལ་དང་མི་འགལ་བ་ཡང་གང་ཡིན་ནམ། བོད་ཡིག་ཨང་། ཡིག་སྐྱོན་གྱི་མཐའ་ཡས་རྒྱ་མཚོ། དོན་སྐྱོན་གྱི་མུ་མེད་ནམ་མཁའ། ཁྱེད་ནི“ཡུལ་སྐོར་གནས་མཆོག”གངས་ལྗོངས་ཀྱི་སྐག་རྫས་མཐུག་པོ་བྱུགས་པའི་གདོང་ན་སྐྱེས་པའི་སྦས་མེད་གསང་མེད་ཀྱི་སྐྲན་འབུར་དེ་ཡིན་ནམ། ཁྱེད་ན་“འཆམ་མཐུན་སྤྱི་ཚོགས”ཁྲོད་ཀྱི་འཆམ་མཐུན་མ་ཡིན་པའི་དུག་འབུ་ཞིག་ཡིན་ནམ།
4) བོད་ཡིག་ཅེས་པའི་ཡིག་རིགས་འདིའི་ལས་དབང་ལ་སེམས་ཁྲལ་དང་གདུང་འབོད་བྱེད་མཁན་མེད་པ་དང་གདུང་འབོད་བྱས་མྱོང་མེད་པའང་ག་ལ་ཡིན། དཔེར་ན། ༠༦ལོར་ནུབ་བྱང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་བེའུ་བརྒྱ་ཚེ་རིང་བསམ་གྲུབ﹙དམིགས་བུ﹚ལགས་ཀྱིས“བདེ་འཇགས་རྐང་ཚའི”དོན་རྐྱེན་བསླངས་པ་ལྟ་བུ་རེད། “བདེ་འཇགས་རྐང་ཚ”ནི་མདོ་སྨད་རྐང་ཚའི་སྤྱི་བདེ་ལས་ཁུངས་ཀྱིས་འབྲོག་པ་རུ་པ་རེར་ཚར་རེ་བཀྲམ་པའི་བོད་ཡིག་གི་བསྒྲགས་ཡིག་ཅིག་སྟེ། ཡིག་འབྲུ་སྟོང་ཕྲག་འགས་གྲུབ་པའི་བསྒྲགས་ཡིག་དེ་ལས་བཀླགས་འགྲོ་བའི་ཡི་གེ་དང་དོན་སྟོན་པའི་བརྗོད་པ་གཅིག་ཙམ་ཡང་རྙེད་དཀའ། ཁོང་གིས་དོན་མི་སྟོན་པའི་བསྒྲགས་ཡིག་དེ་པར་བརྒྱབ་སྟེ«ད་ལྟ་བ»ཞེས་པའི་ཚགས་པར་དུ་བཀོད་མ་ཐག མདོ་སྨད་ཡུལ་དུ་དཔའ་རིས་སངས་རྒྱས་སོགས་འབྲེལ་ཡོད་མཁས་པ་དག་དང་བོད་པའི་ཤེས་ཡོན་པའི་སྡེ་ཡིས་དོ་སྣང་དང་གདུང་འབོད་རྒྱ་ཆེར་བྱས་ཞིང་། དེ་གའི་ས་གནས་སྲིད་གཞུང་གིས་ཀྱང་མང་ཚོགས་ལ་དགོངས་དག་ཞུ་སྐད། ﹙ད་ལྟ“བདེ་འཇགས་རྐང་ཚ”ཞེས་པའི་ཚིག་དུམ་འདི་མདོ་སྨད་ཡུལ་དུ་ཡིག་ནོར་གྱི་ཚབ་མཚོན་བརྡ་དོན་ཞིག་ཏུ་གྱུར་ཟིན་འདུག་སྐད﹚ ཡིན་ནའང་། དོན་རྐྱེན་དེས་རྐང་ཚ་རྫོང་གི་སྒོ་བྱང་གིས་མཚོན་པའི་ཡིག་སྐྱོན་དོན་སྐྱོན་གྱི་ཚོགས་ལ་དག་བཅོས་བྱེད་པའི་ཕན་ནུས་ཅི་ཡང་མ་ཐོན་ལ། མདོ་་་་་་སྨད་ཡུལ་གྱི་ཡིག་སྐྱོན་དོན་སྐྱོན་ལ་ནི་དེ་བས་ཀྱང་ངོ་།། གདུང་འབོད་ནི་གདུང་འབོད་རེད་ཅིང་། ཡིག་ནོར་ནི་ཡིག་ནོར་རེད། དེ་གཉིས་ཀྱི་དབར་དུ་ཤིང་གྲོགས་ཆུ་ལྟ་བུའི་འབྲེལ་ཐག་ཅིག་ཆགས་དཀའ་ཚོད་དུ་སྣང་།ཧ་གོ་དཀའ་བ་ཞིག་ནི། ཡིག་ནོར་གྱི་གད་སྙིགས་སྐྲུན་མཁན་དེ་ཚོས་དགོངས་དག་ཞུ་དོན་ག་རེ་ཡིན་པ་དེ་རེད། ཡང་ན། ནོར་འཁྲུལ་གང་འདྲ་ཞིག་ལ་ངེས་ཤེས་སྐྱེས་ཏེ་དགོངས་དག་ཞུ་བ་དེ་རེད། བོད་ཡིག་ཅེས་པའི་ཡིག་རིགས་འདི་ལ་གང་འདོད་རྡོག་བརྫིས་བྱས་པའི་ཉེས་སྐྱོན་ངོས་ལེན་བྱེད་པ་ཡིན་ནམ། “བདེ་འཇགས་རྐང་ཚའི”ནོར་སྐྱོན་ཙམ་ལ་ངོས་ལེན་བྱེད་པ་ཡིན་ནམ། སྔ་མ་ཡིན་ན། མ་མཐའ་ཡང་རྐང་ཚ་རྫོང་གི་སྲང་ལམ་ཆེ་ཆུང་ན་ཐང་མར་བརྡལ་བའི་ཡིག་སྐྱོན་དོན་སྐྱོན་ལ་དག་ཐེར་ཐེངས་ཤིག་ཅིས་ཀྱང་བྱ་འོས། དེ་ལྟར་མ་བྱས་པར་གཞིགས་ན། ཕྱི་མ་ལ་དམིགས་པ་ཡིན་ཚོད་འདུག དེ་ལྟ་ན། དགོངས་དག་དེ་ནི་ཕྱི་ཚུལ་ཙམ་རེད་དེ། “བསྒྲགས་ཡིག”དེ་ཁོ་ན་ནོར་སོང་ཞེས་པ་དེའོ། ཡང་ན། ཡིག་ནོར་གྱི་རྒྱ་མཚོ་ལོགས་སུ་བསྐྱུར་ཏེ་ངའི་ལག་མཐིལ་གྱི་ཆུ་ཐིགས་དེ་ནོར་སོང་ཟེར་བ་རང་རེད། ཡང་ན། ངས་རྣ་གཡས་པ་འོན་པ་དང་མིག་གཡོན་པ་ལོང་བ་བྱས་ནས་བསྐྱིལ་ཞིང་བརྩིགས་པའི་ཡིག་སྐྱོན་གྱི་རྒྱ་མཚོ་དང་དོན་སྐྱོན་གྱི་རི་བོ་ནི་ཡིན་འོས་པ་ཞིག་གོ། འཆམ་མཐུན་སྤྱི་ཚོགས་གསར་འཛུགས་བྱེད་པའི་དགོངས་དོན་དང་ཡོངས་སུ་མཐུན་ནོ་ཟེར་བ་ཁོ་ནའོ།། དེ་ནི་བསྡུས་གཟུགས་ཤིག་སྟེ། མདོ་དབུས་མཐོ་སྒང་གི་མི་རིགས་སྐད་ཡིག་བཅའ་ཁྲིམས་ལ་སྲུང་སྐྱོབ་དང་ལག་བསྟར་བྱེད་མཁན་དག་གིས་མི་རིགས་སྐད་ཡིག་ལ་འཛིན་པའི་རྣམ་འགྱུར་རེད་ཅིང་། བོད་ཡིག་ཞེས་པའི་ཡིག་རིགས་འདི་བྲིས་ནོར་ཤོར་ཆོག་པའི་སྣང་ཚུལ་གྱི་འབྱུང་རྐྱེན་དང་སྒུལ་ཤུགས་ཀྱང་རེད། ཆུ་མགོ་ཁུངས་ནས་རྙོག་ན་ཆུ་རྔ་ནས་དྭངས་མི་སྲིད་པ་སུས་ཀྱང་ཤེས་ངེས་རེད། ཤིང་རྩ་བ་ནས་རུལ་ན་རྩེ་མོ་རྒྱས་མི་སྲིད་པའང་སུས་ཀྱང་ཤེས་ངེས་རེད། ནོར་སྐྱོན་དོན་སྐྱོན་གྱིས་སྦགས་ཤིང་དེ་རྒྱུན་འབྱམས་སུ་སོང་ཚེ་ཡིག་རིགས་ཤིག་ཉམས་ངེས་པ་སུས་ཀྱང་ཤེས་ངེས་རེད། སྐད་ཡིག་ཉམས་རྒུད་དུ་གྱུར་ཚེ་མི་རིགས་དེ་ཉམས་ངེས་པའང་སུས་ཀྱང་ཤེས་ངེས་རེད། ཡིན་ནའང་། ཡིན་ནའང་། … … 5)
ཝེ། ད་དུང་སྒྲུབ་བྱེད་དགོས་སམ། འཛམ་བུ་གླིང་གི་ཡིག་རིགས༢༠༠༠ལྷག་ཡོད་པ་ལས། བོད་ཡིག་ཁོ་ན་ནི་བྲིས་ནོར་ཤོར་ཆོག་པའི་ཡིག་རིགས་དེ་རེད་ཟེར་ན་ཁྱེད་རང་ཡིད་ཆེས་་་་་་སོང་ངམ། “མངོན་སུམ་རྟགས་ཀྱིས་བདེན་པ་ངོ་སྤྲད་ཀྱང”ཡིད་མ་ཆེས་ན་ཐབས་ཤེས་ཅི། ཡང་གཅིག་བཤད་ན། ངས་མངོན་སུམ་བསྙོན་མེད་ཀྱི་སྒྲུབ་བྱེད་མང་པོ་ཞིག་འགོད་དོན་ནི་ཁྱེད་རང་ཡིད་ཆེས་པའི་ཆེད་དུ་མ་ཡིན་ཏེ། མི་རིགས་སྐད་ཡིག་གི་གཞུང་ལས་ཞེས་པའི་རྐུབ་སྟེགས་མཐོན་པོར་སྡོད་མཁན་དག་ལ། ཡིག་སྐྱོན་གྱི་རྒྱ་མཚོ་དང་དོན་སྐྱོན་གྱི་རི་རབ་ཁྱོན་ཡངས་ཤིང་དཔངས་མཐོ་བ་འདི་ཁྱེད་རང་ཚོར་དབང་ཟེར་འདོད་པ་ལགས། རྒྱུ་མཚན་ནི། ཡིག་རིགས་ཤིག་ལ་བྲིས་ནོར་ཤོར་ཆོག་པའི་སྣང་ཚུལ་བསྐྲུན་པ་ནི། མིའི་རིགས་ཤེས་རིག་རྒུད་དར་གྱི་ལོ་རྒྱུས་རིང་མོའི་ཁྲོད་དུ་སྔར་བྱུང་མ་མྱོང་ཞིང་སླད་ནས་ཀྱང་འབྱུང་བ་མི་་་སྲིད་པའི་རིག་གནས་སྣང་ཚུལ་ངོ་མཚར་བ་ཞིག་ཡིན་པས་སོ།། ཁོང་ཚོའི་མཛད་རྗེས་ལ་མངོན་པར་བསྟོད་དོ།།
བོད་ཡིག བྲིས་ནོར་ཤོར་ཆོག་པའི་ཡིག་རིགས། དེ་རིང་ཁོ་བོས་ཁྱེད་ཀྱི་གནའ་བོའི་དབྱངས་གསལ་རེ་རེ་དང་ཚེག་ཐུང་ཚེག་རིང་རེ་རེ་བཞིན་བསྒྲིགས་ཏེ། ཡིག་སྐྱོན་དོན་སྐྱོན་མེད་པའི་རྩོམ་ཐུང་ཆིག་ལབ་ལྟ་བུ་འདི་འདྲ་ཤར་ཤར་བྲིས་པར་དགོངས་འགལ་མེད་པ་ཞུ།། །།
འདི་ལ་བསྣུན་ནས་ཕབ་ལེན་གནང་རོགས།