“བོད་ཀྱི་སྲོལ་རྒྱུན་ལ་སྐྱེས་ཕོ་མོ་གཉིས་ཀྱིས་ཁྱིམ་འཁོར་བ་སྐྱོང་དུས། སྐྱེས་པས་ཁྱིམ་ཕྱི་རོལ་གྱི་ལས་ཀ་བྱེད་རྒྱུ་གཙོ་བོ་དང་། སྐྱེས་མས་ཁྱིམ་ལས་ཀྱི་རིགས་གཙོ་བོར་བྱེད་ཀྱི་ཡོད་པས་སྐྱེས་པ་ཕོ་ཡི་ལས་ཀའི་རིགས་དང་སྐྱེས་མ་མོ་ཡི་ལས་ཀའི་རིགས་བཅས་རོང་འབྲོག་གཉིས་སུ་ཕོ་མོ་གཉིས་ལ་ལས་བགོས་ཀྱི་གོམས་སྲོལ་དམིགས་བསལ་བ་ཞིག་ཆགས་ཡོད་པ་མ་ཟད། འགྲོ་འདུག་གང་གི་སྐབས་སུ་ཡང་ཁྱིམ་གྱི་ཡར་སྒྱེད་ནས་ཕོ་དང་མར་སྒྱེད་ནས་མོ་འདུག་པ། གྲལ་མགོ་ནས་ཕོ་དང་གྲལ་རྔ་ནས་མོ་འདུག་དགོས་པ། ཟས་གཡོ་སྦྱོར་དང་སྣོད་ཅ་ལག་བཀྲུ་རྒྱུ་སོགས་ཀྱི་ཁྱིམ་ལས་ཙག་ཙིག་ཡོད་ཚད་བུད་མེད་ཀྱིས་བྱེད་དགོས་པ། ཁྱིམ་ཚང་ཤིག་ལ་བུ་ཞིག་དང་བུ་མོ་ཞིག་ཡོད་ཚེ་སློབ་གྲྭར་འགྲོ་རྒྱུའི་གོ་སྐབས་བུ་ལ་སྤྲོད་པ་དང་།བུ་མོ་ཚོར་གནས་ལ་སྟེར་རྒྱུའི་བུ་མོ་དང་བྲག་ལ་འཕེན་རྒྱུའི་མདའ་མོ་ཅེས་རྩིས་ཆུང་བྱེད་པ་སོགས་ཀྱི་གོམས་སྲོལ་ཤིག་ཀྱང་ཡོད། ཡིན་ནའང་དུས་ཀྱི་འགྱུར་བ་དང་བསྟུན་ནས་མི་སོ་སོའི་སྤྱི་ཚོགས་ཀྱི་ལས་བགོས་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ཡོད་ནའང་། བོད་མིའི་སྲོལ་རྒྱུན་གྱི་འགྲོ་སྟངས་མང་པོ་ཞིག་ཤེས་བཞིན་དང་ཤེས་བཞིན་མ་ཡིན་པའི་ངང་རྒྱུན་འབྱམས་སུ་གྱུར་ཏེ། ཞིབ་ཏུ་བསམ་བློ་བཏང་ན་འདྲ་མཉམ་མ་ཡིན་པ་དང་རྒྱུ་འབྲས་མ་ཡིན་པའི་འགྲོ་སྲོལ་འདུག་སྟངས་མང་པོ་ཞིག་ཡོད་པར་ང་ཚོས་ཅིས་ཀྱང་དོགས་སློང་བྱ་དགོས་པ་དང་འགྱུར་བ་གཏོང་པ་ནི་ཁ་ཚ་དགོས་གཏུག་དུ་མཐོང་ངོ།”