བརྡ་ལོག – གོ་ལོག

“དེང་སྐབས་བོད་ཡུལ་སྟོད་སྨད་བར་གསུམ་གང་དུའང་གཞུང་གི་ལས་ཁུངས་ནས་སྒེར་གྱི་ཚོང་ཁང་གང་དུའང་བོད་ཡིག་གི་ཡིག་ནོར་བྲིས་པའི་སྣང་ཚུལ་མང་པོ་མཐོང་རྒྱུ་འདུག འདི་ལྟར་ཡིག་ནོར་བྲིས་པས་བརྗོད་བྱ་གང་གི་དོན་སྟོན་མི་ཐུབ་པ་མ་ཟད་ཐ་ན་བོད་རང་གི་སྐད་ཡིག་གི་བརྗོད་པ་དང་ཡེ་ནས་མི་མཐུན་པའི་བརྡ་ལོག་སྤྱད་ནས་མི་ཕ་རོལ་བོ་ལ་གོ་ནོར་སྤྲོད་རྒྱུའི་ཉེན་ཁ་ཡང་འདུག དེ་བས་གནས་སྟངས་འདི་ལ་ང་ཚོས་སྣང་ཆུང་མི་བྱེད་པར་ཁ་ཡོད་ལག་ཡོད་ཀྱིས་ལེགས་བཅོས་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུག་གི་དོན་ཆེན་ཞིག་རེད། གལ་སྲིད་རྒྱ་ཡིག་དང་དབྱིན་ཡིག་གི་ནང་དུ་ལས་ཁུངས་གི་སྒོ་བྱང་སོགས་ལ་འདི་ལྟ་བུའི་ཡིག་ནོར་མང་པོ་བྲིས་ཡོད་པ་ཡིན་ན་ཁྲིམས་འགལ་ཆགས་སྲིད་ལ། བརྙན་འཕྲིན་གསར་འགྱུར་ཚ་ཤོས་སུའང་ཆགས་སྲིད། ཡིན་ནའང་ང་ཚོའི་ཁོར་ཡུག་དུ་ཡིག་ནོར་འབྲི་རྒྱུ་ནི་རྒྱུན་ལྡན་ཞིག་དང་བོད་ཡིག་ནི་ཡིག་ནོར་ཤོར་ཆོག་ཆོག་གི་སྐད་ཡིག་ལྟ་བུ་ཞིག་ཆགས་ཡོད་པས། ང་ཚོ་བོད་པ་རེ་རེས་དོན་ཆེ་ལ་སྒྲུབ་སླ་བའི་སྒོ་བྱང་ཐོག་གི་ཡིག་ནོར་གྱི་དཀའ་ངལ་ཆུང་ཆུང་རེ་སེལ་བས་ཀྱང་ང་ཚོའི་སྐད་ཡིག་འཛིན་སྐྱོང་ལ་བཟང་ཕྱོགས་ཀྱི་ནུས་པ་ཆེན་པོ་ཞིག་ཐོན་ཐུབ།”

{ང་ལ་གོང་གི་བརྙན་ཐུང་འདི་དག་བཟོ་བར་བསམ་བློའི་མཛུབ་སྟོན་དང་། རྒྱུ་ཆ་འཚོལ་སྒྲུབ། སྒྲིག་སྦྱོར། རྩོམ་འབྲི་བཅས་ཀྱི་མཐུན་འགྱུར་རོགས་རམ་གནང་མཁན་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཞུ། མེ་ལོང་གཙོ་སྒྲིག་པས།}